Sunday, February 12, 2012

སངས་རྒྱས་ཀྱི་དཔའ་རྟུལ


བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་
སྐུ་ལུས་མཆོད་མེ་རུ་སྒྲོན་ཏེ་ལག་གཉིས་ཐལ་མོ་སྦྱར་བཞིན་ཞལ་ནས་བོད་ལ་རང་དབང་དགོས་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་
འདྲེན་ཞུ་དགོས་བོད་ནང་ཆོས་དད་རང་དབང་དགོས་པའི་གཅིག་འགྱུར་གྱི་འབོད་སྒྲ་དག་ལས་བྱུང་བའི་བདག་གི་མྱོང་ཚོར་འགའ་
འབྲི་བར་བྱ། །
དེ་རིང་ནི་ཉིས་སྟོང་༡༡ལོའི་ཕྱི་ཟླ་༡༡པའི་ཚེས་གསུམ་སྟེ་རྒྱལ་གཅེས་དཔའ་མོ་དཔའ་ལྡན་ཆོས་མཚོ་ཡིས་སྐུ་ལུས་མཆོད་མེ་རུ་སྒྲོན་ཏེ་
སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སེམས་ཅན་སྤྱི་དང་བྱེ་བྲག་རང་གི་རྒྱལ་ཁབ་དང་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ལ་
བསྐྱངས་པའི་ལྷག་བསམ་ཟོལ་མེད་ཀྱི་བྱམས་བརྩེ་དང་ལ་རྒྱལ་དམར་རྗེན་དུ་སྟོན་པའི་ནམ་ཡང་ཆེས་བརྗེད་དཀའ་བའི་དུས་ཚིགས་
ཁྱད་པར་ཅན་ཞིག་བདག་གིས་ངོས་འཛིན་བྱེད།
དམ་པ་ཁོང་ནི་ཉིས་སྟོང་༡༡ལོའི་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ནས་བཟུང་སྟེ་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སེམས་ཅན་གྱི་
བདེ་སྐྱིད་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་གནང་མཁན་ཨང་བཅུ་གཅིག་པ་དེ་རེད།
བཤད་རྒྱུན་དུ་གསོན་ན་མི་གོ་ཆོད་པ་དང་ཤི་ན་རོ་གོ་ཆོད་པ་ཟེར་བ་དེ་འདི་ལས་ལྷག་པ་ཞིག་གང་ན་ཡོད།
ཕོ་རྒོད་ནང་གི་ཕོ་རྒོད་དང་མོ་རྒོད་ནང་གི་མོ་རྒོད་དེ་ཁོང་རྣམས་པ་མིན་ན་སུ་ཞིག་བཙལ། དེ་མིན་ཆུ་ཕོ་པ་གང་དང་ཟས་ཕོ་པ་གང་
ངམ་ཡང་ན་ས་སྦར་མོ་གང་དང་རྩྭ་སྦར་མོ་གང་གི་ཆེད་དུ་གཅེས་སྲོག་དང་ནང་མི་བུ་ཕྲུག་དང་བཅས་པ་བློས་བཏང་གིས་བོད་རིགས་
སྤུན་ཟླ་ནང་ཁུལ་དམར་གསོད་གཏོང་རེ་བྱེད་པ་ལ་བློ་དང་ལྡན་པ་སུ་ཞིག་གིས་དཔའ་བོ་བརྩི།  དེ་ནི་དགྲ་དགའ་གཉེན་སྡུག་གི་ལས་
མཐའ་མ་བ་ཡིན་པས་སྨྲ་མི་ཤེས་ལ་དོན་མི་གོ་བའི་དུད་འགྲོ་དང་གཅིག་མཚུངས་ཡིན་པ་ལས་ཕོ་རྒོད་དང་མོ་རྒོད་ཞིག་ག་ནས་ཡིན།
དེང་སང་འཛམ་གླིང་རྒྱལ་ཁབ་སོ་སོའི་ས་ཆ་བདག་དབང་གི་ཆེད་དུ་རང་རྒྱལ་གཞན་ཕམ་གྱི་དམག་འཁྲུག་སྐབས་གཡུལ་སར་
གཅེས་སྲོག་ཤོར་བ་རྣམས་དཔའ་བོ་དང་དཔའ་མོ་བརྩི་བཞིན་ཡོད་ན་  ལུས་ཅན་ཀུན་གྱི་བདེ་སྐྱིད་ཀྱི་གཞི་རྩ་བྱམས་པ་དང་བརྩེ་བ་
ཡང་དག་པའི་ལྟ་བ་སོགས་ཚང་ལ་མ་ནོར་བ་བསྟན་པའི་སངས་རྒྱས་ཀྱི་བསྟན་པ་དང་བསྟན་པ་དེ་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་
མིང་ཙམ་དུ་གྱུར་པའི་སྐབས་འདིར་བསྟན་པ་དེའི་དོན་དུ་རང་སྲོག་བློས་བཏང་གིས་གཞན་སུ་གང་ལ་ཡང་འཚེ་བ་མེད་པའི་ལས་ལ་
ཞུགས་པ་རྣམས་དཔའ་བོ་ནང་གི་དཔའ་བོ་དང་དཔའ་མོ་ནང་གི་དཔའ་མོ་རུ་ལོས་བརྩི་དགོས།
དངོས་གནས་དཔའ་དང་བློ་ཁོག་ཟེར་ན་འདི་འདྲ་དགོས་རེད་ལ་སངས་རྒྱས་ཀྱི་དཔའ་རྟུལ་ཟེར་བ་དེ་ཡང་འདི་འདྲ་ཞིག་ཡིན་རྒྱུ་
རེད་བསམས་སོ།
གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསམ་ཕོད་པ་དང་བཤད་ཕོད་པ་བྱེད་ཕོད་པ་དང་བྱེད་པའི་འབྲས་བུ་ལ་ལྟ་མཁས་པ་ཟེར་བ་
དེ་ངས་དཔའ་བོ་དཔའ་མོ་འདི་རིགས་ལ་གོ་བཞིན་འདུག་གོ།
                                          བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
                                          གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
                                           དཀའ་བ་རྒྱ་ཕྲག་སྒྲུབ་པའི་སྐྱེས་བོ་རྣམས། །
                                           གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །

                                                                                                                    སེར་བྱེས་ཚ་བ་ཁ་ཚན་གྲ་བྱམས་པ་ཆོས་འགྲུབ་